བོད་རབ་རྒྱན་ཤིང་མོ་སྦྲུལ་ལོའི་བསང་ཆུ་རྫོང་གི་སྐབས་གསུམ་པའི་བླ་བྲང་དགྱེས་འཛོམས་ཞེས་པའི་དཔྱིད་དུས་ཀྱི་གྲོང་སྡེའི་དགོང་ཚོགས་དང་དངོས་མིན་ཤུལ་བཞག་རིག་གནས་ཀྱིས་ལོ་སར་ལ་རྟེན་འབྲེལ་ཞུ་བ་དང་། ང་ཡི་ཕ་ཡུལ་གྱི་ལོ་སར་ཞེས་པའི་ལོ་སར་སྤྲོ་ཚོགས་ཆེན་མོ་འཚོགས།
ཟླ1པའི་ཚེས14ཉིན། བོད་རབ་རྒྱན་ཤིང་མོ་སྦྲུལ་ལོའི་བསང་ཆུ་རྫོང་གི་སྐབས་གསུམ་པའི་བླ་བྲང་དགྱེས་འཛོམས་ཞེས་པའི་དཔྱིད་དུས་ཀྱི་གྲོང་སྡེའི་དགོང་ཚོགས་དང་དངོས་མིན་ཤུལ་བཞག་རིག་གནས་ཀྱིས་ལོ་སར་ལ་རྟེན་འབྲེལ་ཞུ་བ། ང་ཡི་ཕ་ཡུལ་གྱི་ལོ་སར་ཞེས་པའི་ལོ་སར་སྤྲོ་ཚོགས་ཆེན་མོ་བསང་ཆུ་རྫོང་བླ་བྲང་གྲོང་རྡལ་གླས་དྲུག་སྡེ་བ་རུ་འཚོགས། ཁུལ་ཨུའི་རྒྱུན་ཨུའམ་བསང་ཆུ་རྫོང་ཨུའི་ཧྲུའུ་ཅི་དབྱང་ཀྲིན་ལིན་སོགས་ཀྱིས་སྤྲོ་ཚོགས་ལ་བལྟས། ཏང་གི་ཚོགས་ཆེན་བཅུ་བདུན་པའི་འཐུས་མི་ཀླུ་མོ་འཚོ་དང་རྒྱལ་ཡོངས་སྐབས་བཅུ་གསུམ་པའི་དམངས་ཆེན་འཐུས་མི་རྟ་མགྲིན་འཚོ། བསང་ཆུའི་དངོས་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན་གྱི་འཐུས་ཚབ་པ་དང་རིག་གནས་སྒྱུ་རྩལ་ཆེད་མཁས་ཀྱི་འཐུས་ཚབ་པ། ཀན་ལྷོ་ཁུལ་བོད་ཀྱི་ཟློས་གར་ཞིབ་འཇུག་གླིང་དང་ཀན་ལྷོ་ཁུལ་རྩོམ་རིག་ལྷན་ཚོགས་སོགས་ཁུལ་དང་རྫོང་གི་སྡེ་ཁག་དང་ཁེ་ལས་ཀྱི་འཐུས་ཚབ་པ། ཉེ་འཁོར་གྱི་མང་ཚོགས་བཅས་ཀྱིས་སྤྲོ་ཚོགས་ལ་མཉམ་རོལ་བྱས།
བླ་བྲང་ས་ཆའི་བཀྲ་ཤིས་སྟོན་བཤད་ཀྱི་ཁ་གཡང་དང་འགྲོགས་ནས་སྤྲོ་ཚོགས་དངོས་སུ་མགོ་བརྩམས།
གླུ་བ་རིན་ཁོ་དང་བཀྲ་ཤིས་སྒྲོལ་མ། ཧོར་གཙང་སྨོན་ལམ་དང་མགོན་པོ་དོན་འགྲུབ། རྟ་མགྲིན་ཚེ་རིང་དང་ཐོ་རེངས། ཐང་དཀར་རོལ་ཚོགས་དང་བཙན་པོའི་སྦྲ་ཁྱིམ་སྒྱུ་རྩལ་ཚོགས་པ། ཨ་མཆོག་སྟག་ཆུའི་ལང་ཚོ་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་སོགས་བླ་བྲང་ཡུལ་གྱི་གླུ་བ་གླུ་མ་དག་གིས་རིམ་བཞིན་དམངས་གླུ་རྟེན་འབྲེལ་རང་འགྲིག་དང་ཅང་ཤེས་རྟ་ཕོ། རྡུང་ལེན་ས་བླ་བྲང་ང་ཡི་ཕ་ཡུལ་ཡིན་དང་བསང་ཆུ་ལགས། བསང་གཞུང་ནོར་བུ་དགའ་འཁྱིལ། བོད་ཀྱི་ལོ་སར། གླུ་དབྱངས་དྲན་པའི་གཏིང་དང་དྲན་གདུང་། སྲོང་བཙན་སྒམ་པོའི་རྣམ་ཐར། བླ་བྲང་དམངས་ཁྲོད་ཞབས་བྲོ་ཨ་མ་ལེ་དང་ཕ་རི་སྨུག་པོའི་ཁུག་ལུང་། བླ་བྲང་སྐོར་བྲོ་སོགས་ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་ལྟད་མོ་རེ་རེ་ཡིས་ཚང་མའི་ཡིད་དབང་ཅིག་ཅར་ཏུ་འཕྲོག
རྒྱུས་ལོན་པ་ལྟར་ན། བླ་བྲང་དགྱེས་འཛོམས་ཞེས་པའི་གྲོང་སྡེའི་ལོ་སར་དགོང་ཚོགས་དེ་རྒྱལ་ཁབ་རིག་གནས་དང་ཡུལ་སྐོར་པུའུ་ཡི2025ལོའི་རྒྱལ་ཡོངས་གྲོང་སྡེའི་ལོ་སར་དགོང་ཚོགས་ཀྱི་དཔེ་སྟོན་ཁུལ་དུ་བདམས་ཐོན་བྱུང་ཡོད་ཅིང་། གཙོ་སྒྲུབ་དང་འགན་སྒྲུབ་ལས་ཁུངས་དག་གིས་ཀྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་། རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱི་མགོ་ཁྲིད་འོག་ཀྲུང་ཧྭ་མི་རིགས་ཐུན་མོང་གཞི་གཅིག་གི་འདུ་ཤེས་བརྟན་པོར་འཛིན་པ་གཙོ་ཐིག་ཏུ་བཟུང་ནས་འདས་པའི་ཟླ་ངོ་གཉིས་ལྷག་ལ་དགོང་ཚོགས་འདི་གྲ་སྒྲིག་བྱས་ཤིང་། བསང་ཆུ་རྫོང་ཁོངས་ཀྱི་བླ་བྲང་གྲོང་རྡལ་གཙོ་བྱས་པའི་ཞང་དང་གྲོང་རྡལ་བཅུ་གཉིས་ནས་ས་གནས་རང་གི་ཁྱད་ཆོས་ལྡན་པའི་བཤད་པ་དང་དམངས་གླུ། རྡུང་ལེན། གར་དང་བྲོ། རྣམ་ཐར་བཅས་རྩེད་རིགས་གཙོ་གྲས་དྲུག་ཏུ་བཀར་ཏེ་འཁྲབ་ཚན་བཅོ་ལྔ་བསལ་ནས་ཐེངས་འདིའི་དགོང་ཚོགས་སུ་འཁྲབ་སྟོན་བྱས།
སྙན་མོ་གླུ་ཡི་འགྱུར་ཁུགས་རེ་རེ་དང་བདེ་མོ་གར་གྱི་སྟངས་སྟབས་རེ་རེ་བསང་ཆུའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་རེ་རེར་སྐྱེས་སུ་ཕུལ་ཅིང་། འཆམ་མཐུན་གྱི་བསང་ཆུ་དང་སྐྱེ་ཁམས་ཀྱི་བསང་ཆུ། རིག་གནས་ཀྱི་བསང་ཆུ། འབྱོར་ཕྱུག་གི་བསང་ཆུ། བདེ་སྐྱིད་ཀྱི་བསང་ཆུའི་མཛེས་པ་རེ་རེ་མངོན་པར་བྱས།
གསར་འགོད་པ། སངས་རྒྱས་སྐྱབས། མགོན་པོ་ཚེ་བརྟན། དྭངས་གསལ་ལྷ་མོ།




发表评论 取消回复