ཀན་ལྷོ་ཁུལ་གྱི2025ལོའི་རྩྭ་ཐང་གི་གཅིག་བསྡུས་གཉེན་སྟོན་མཛད་སྒོ་བསང་ཆུ་རྫོང་གི་བསང་ཁོག་རྩྭ་ཐང་དུ་སྤེལ།
ཀན་ལྷོ་ཁུལ་གྱི2025ལོའི་རྩྭ་ཐང་གི་གཅིག་བསྡུས་གཉེན་སྟོན་མཛད་སྒོ་དེ་ཚེས25ཉིན་བསང་ཁོག་རྩྭ་ཐང་དུ་སྤེལ། གཟའ་སྐར་འཕྲོད་སྦྱོར་གྱི་མཚན་མ་ལེགས་ཤིང་། ལོ་རྟགས་སྤར་ཁ་ཡི་སྨོན་ལམ་འགྲིགས་པའི་རྟེན་འབྲེལ་གྱི་དུས་བཟང་ལ། མཚོ་སྔོན་དང་ཐེན་ཅིན། ཀན་སུའུ་བཅས་ནས་ཡོང་བའི་མག་གསར་བག་གསར་ཆ50ཡིས་ལུས་ལ་གཟབ་འཆོར་སྤྲས་ཏེ། བརྩེ་དུང་གི་འདུན་མ་གཅིག་ཏུ་བསྡུས་ཤིང་། སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་སྡུག་གི་འཁུར་བོ་མཉམ་འཁུར་གྱི་མི་ཚེའི་འཚོ་བ་གསར་བ་ཞིག་ལ་རོལ་བར་རེ་ལྟོས་བཅངས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལུའི་ཀྲེ་ཅུན་རྩྭ་ཐང་གི་གཉེན་སྟོན་མཛད་སྒོ་འདིར་ཞུགས་པ་མ་ཟད་གཉེན་སྒྲིག་མཁན་ཚོར་གཉེན་སྒྲིག་དཔང་ཡིག་སྤྲད་པ་དང་། གུང་གཞོན་ཚོགས་པ་ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ཞེ་ཏུང་ཅིན་དང་། ཁུལ་ཨུའི་རྒྱུན་ཨུའམ་བསང་ཆུ་རྫོང་ཨུའི་ཧྲུའུ་ཅི་དབྱང་ཀྲེན་ལིན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་རོན་རྨིན་ཞང་། ཁུལ་དཔོན་གཞོན་པ་ཝང་ཧྥང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཅུན་བཅས་མཛད་སྒོར་ཞུགས་ཡོད།
གཉེན་སྟོན་མཛད་སྒོའི་སྟེང་།མག་གསར་བག་གསར་ཚོས་གཉེན་ཆང་དྲངས་ནས་བཀྲ་ཤིས་རྟེན་འབྲེལ་ཞུས་པ་དང་། རང་རང་སོ་སོའི་ལུགས་སྲོལ་ལྟར་དུ་གུས་ཕྱག་བྱ་བའམ་བརྩེ་དུང་གི་གཏམ་རྒྱུད་མཉམ་སྤྱོད་བྱས་པ་མ་ཟད།པར་རྒྱག་པ་དང་བརྙན་ལེན་པ་སོགས་ཀྱི་ཐབས་ལ་བརྟེན་ནས་བསང་ཆུ་སྔོན་མོའི་འགྲམ་ངོགས་ནས་བརྩེ་དུང་གི་དྲན་རྟེན་བཞག མཛད་སྒོའི་རྗེས་སུ།རྟགས་དང་རྟེན་འབྲེལ་མཚོན་བྱེད་དུ་དགའ་བའི་གླུ་བླངས་ཤིང་སྐྱིད་པའི་བྲོ་འཁྲབ་པ་དང་།ཚང་མས་མཉམ་དུ་རིག་རྩལ་འཁྲབ་སྟོན་ལ་བལྟས།
གཉེན་སྟོན་མཛད་སྒོ་འདི་ལྟ་བུ་ཞིག་སྤེལ་བའི་དམིགས་ཡུལ་ནི།ན་གཞོན་ཚོར་རིག་གནས་བརྗེ་རེས་དང་ཐོན་ལས་མཉམ་འབྲེལ་གྱི་བརྗེ་རེས་འགྲོ་འོང་མཉམ་འདྲེས་ཀྱི་གར་སྟེགས་ཤིག་བསྐྲུན་ཅི་ཐུབ་བྱས་ནས།རིགས་སོ་སོའི་ན་གཞོན་ཚོས་ཕན་ཚུན་གོང་སྤེལ་དང་གཅིག་གཞོགས་གཅིག་འདེགས།གཅིག་ཕན་གཅིག་གྲོགས་ཀྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལམ་བུ་གསར་བ་ཞིག་བཙལ་ཏེ།མཛེས་སྡུག་ལྡན་པའི་འཚོ་བ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་པར་མཉམ་དུ་འབད་པ་བྱ་རྒྱུ་དེ་རེད།
ཁུལ་དང་རྫོང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་དང་ཀྲུང་དབྱང་དང་ཞིང་ཆེན། ཁུལ་རིམ་པའི་གསར་འགྱུར་སྨྱན་སྦྱོར་དང་སྒེར་གྱི་སྨྱན་བྱད།བསང་ཁོག་གྲོང་རྡལ་ཉེ་འཁོར་གྱི་ལས་བྱེད་མང་ཚོགས་བཅས་མི1000ལྷག་བྱེད་སྒོར་ཞུགས།
ལོ་ཙཱ་བ། ཚེ་རིང་རྡོ་རྗེ།
ཡོང་ཁུངས། ཀན་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།

发表评论 取消回复