བོད་རབ་རྒྱན་ཤིང་ཕོ་འབྲུག་ལོའི་བསང་ཆུ་རྫོང་གི་ཞིང་གྲོང་ལོ་སར་སྤྲོ་ཚོགས་ཆེན་མོ“བླ་བྲང་དགྱེས་འཛོམས”ཞེས་པའི་རིག་རྩལ་དགོང་ཚོགས་དེ་མདའ་མེད་ཞང་གཡང་ནོར་གཞིས་ཀ་རུ་གཟབ་རྒྱས་ངང་ཚོགས་ཤིང་། བོད་ཀྱི་བཟོ་བཀོད་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཞིང་། ཁོར་ཡུག་ཤིན་ཏུ་གཙང་བ།མཛེས་ཤིང་དཀར་ཆ་དོད་པའི་གཡང་ནོར་གཞིས་ཀའི་ཁྱམས་ར་རུ་ཟས་རིགས་སྣ་ཚོགས་ཀྱི་སྡེར་ཁ་བཤམས་ནས། སྐུ་མགྲོན་རྣམས་ལ་ཞིམ་མངར་འོ་མའི་ཇ་ཁུ་དང་བཟའ་བ་ཤ་ཡི་ལྷུ་རྐང་། བཅུད་ལྡན་ཟས་ཀྱིས་མགྲོན་ཁ་གང་ལེགས་བྱས་ཏེ།ས་གནས་རང་གི་ཡུལ་སྲོལ་གྲོམས་གཤིས་དང་དམངས་ཁྲོད་སྒྱུ་རྩལ་གྱི་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་པའི་ཉམས་འགྱུར་སྟོང་གི་གར་བསྒྱུར་བ་དང་སྙན་འཇེབས་དབྱངས་ཀྱི་གླུ་ལེན་བཞིན། སྐྱིད་པའི་བླ་བྲང་དོན་གྱི་སྙིང་བོར་བཟུང་སྟེ། གླུ་ཡི་འགྱུར་ཁུགས་རེ་རེ་དང་གར་གྱི་སྟངས་སྟབས་རེ་རེ་ཡིས་དུས་ཀྱི་བསྐལ་བ་བཟང་བོར་བསྟོད་ཅིང་། ཏང་དང་སྲིད་གཞུང་ལ་བཀའ་དིན་ཞུ་བའི་རྣམ་པ་ཡོངས་སུ་མཚོན་འདུག་པས། དེར་ཡོད་ལྟད་མོ་བ་རྣམས་ཀྱི་གདོང་ལ་དགའ་བའི་ཉམས་དང་སྐྱིད་པའི་འཛུམ། བདེ་བའི་མདངས་ཤར་ཏེ། དགའ་སྤྲོའི་ཐལ་མོ་ཡུན་རིང་དུ་བརྡབས་པར་གྱུར། 
སྨྲས་པ། 

མདོ་སྨད་རིག་པའི་གནས་མཆོག་བླ་བྲང་གི། 

བརྗིད་པར་ཆགས་པའི་གཡང་ནོར་གཞིས་ཀ་རུ།། 

དམངས་སྲོལ་གླུ་གར་རྩེད་འཇོའི་སྒྲོ་གདུགས་གུར།། 

ཉམས་འགྱུར་སྟོང་གིས་ཕུབ་པ་འདི་ཀོ་མཚར།། 

རྨད་བྱུང་ནོར་འཛིན་བསང་རྫོང་མངའ་ཁོངས་ནས།། 

ཐོན་པའི་དམངས་སྲོལ་རིག་རྩལ་གར་མཁན་ཚོས།། 

བླ་བྲང་དགྱེས་འཛོམས་ཞེས་པའི་སྤྲོ་ཚོགས་མཆོག། 

འདྲེན་བྱེད་ལམ་དུ་ཡིད་འཕྲོག་དགའ་སྟོན་འབྱེད།།


དེ་ནས་ཅང་མ་འགོར་བར་རྡུང་ལེན་པ་གྲགས་ཅན་ཧོར་གཙང་སྨོན་ལམ་གིས་སྙན་མོའི་ངག་གིས་བཀྲ་ཤིས་པའི་རྟགས་དང་རྟེན་འབྲེལ་གྱི་ཕྱྭ་གཡང་རྒྱས་པའི་གཡང་གི་སྒོ་མོ་ཐོག་མར་འབྱེད་པའི་སྟོན་བཤད་གནང་བ་དང་བསྟུན།

བླ་བྲང་བོད་དམངས་སློབ་ཆུང་གི་སློབ་བུ་ཚོས་རོལ་ཆས་རྣ་ལ་འཇེབས་པའི་དབྱངས་སྙན་དང་རྩེད་མཚར་ཡིད་དུ་འོང་བའི་ཞབས་བྲོ་གསེར་བྱ་ཁྲ་མོ་ཞེས་པའི་ཞབས་བྲོའི་ཉམས་ཀྱིས་དེར་ཡོད་མགྲོན་པོ་རྣམས་ཀྱི་ཡིད་བརྟན་དབང་མེད་དུ་འཕྲོག་པར་གྱུར།

གཞན་ཡང་སྒྱུ་རྩལ་གྱིས་ཕྱུག་པའི་གར་ཉམས་དང་ཐོས་འཛིན་ལམ་དུ་འཇེབས་པའི་དབྱངས་རྟ། ངོ་མཚར་ཡིད་དབང་འཕྲོག་པའི་སྟངས་སྟབས་བཅས་ཀྱིས་ལེགས་པར་བརྒྱན་པའི་བླ་བྲང་གར་ལ་ཐུན་མོང་མ་ཡིན་པའི་མདོ་སྨད་ཀྱི་ཡུལ་སྲོལ་དང་མཐུན་པའི་ཁྱད་ཆོས་ལྡན་འདུག་པས། དེ་ནི་སྙིང་ལ་བཏབ་པའི་ལྕགས་ཀྱུ་རེ་རེ་བཞིན་ལྟད་མོ་བ་རྣམས་ཀྱི་ཡིད་སེམས་དབང་མེད་དུ་དྲངས་པར་གྱུར་ཏོ།

དེ་ཡང་ཆོལ་གསུམ་བོད་མིའི་སེམས་ཁོངས་སུ་ཉར་ཞིང་དུས་གསུམ་གླུ་ཡི་འགྱུར་ཁུགས་ལ་དབང་སྒྱུར་བའི་མདོ་སྨད་ཀྱི་གླུ་བ་མིང་གྲགས་ཅན་རིན་ཁོ་ཡིས་བླངས་པའི་དམངས་གླུ་འདོ་བའི་ཞང་ཆུང་ཞེས་པའི་དབྱངས་རྟའི་ཕུགས་ཟབ་ལ་ལེན་མཁན་གྱི་སྐད་ངག་ངོ་མཚར་ཆེ་ཞིང་། གླུ་ཚིག་གསོན་ཉམས་ལྡན་པས་ཀུན་གྱི་རྣ་བའི་དཔྱིད་དུ་དགའ་སྟོན་དུ་འཇོ་བར་བརྟེན། ཉན་མཁན་གྱི་ཡིད་ལ་སྨྲ་མི་ཤེས་པའི་སྐྱིད་སྣང་དང་སྟོང་མི་འགྱུར་བའི་ཚོར་སྣང་ཞིག་རང་དབང་མེད་པར་རྒྱས་སུ་བཅུག


དེ་བཞིན་དུ་བླ་བྲང་ལི་ཐང་སྡེ་བའི་གར་མཁན་ཚོས་ཟློས་པའི་གར་གྱི་སྟངས་སྟབས་དང་ལུས་ཀྱི་འགྱུར་བ། གོམ་པའི་འདེགས་འཇོག་སོགས་ལ་གནའ་བོའི་བྲོ་གར་གྱི་ཁྱད་ཆོས་བཅོས་མིན་དུ་ཐོན་པས། ལྟ་མཁན་རྣམས་ཀྱི་ཡིད་སེམས་འགུག་པའི་ནུས་པ་ཆེས་ཆེར་ལྡན་འདུག 

སྐབས་དེ་ཉིད་དུ་ཨ་མདོའི་ཡུལ་དུ་མིང་གྲགས་ཆེ་བའི་གླུ་མ་བཀྲ་ཤིས་སྒྲོལ་མ་དང་ཕུལ་བྱུང་རྡུལ་ལེན་པ་སྙིང་དཀར་སོགས་ཀྱིས་རྡུང་ལེན་བྱས་པའི་གནའ་གྲོགས་ཚོ་ཞེས་པར་རྒྱུད་མངས་ཀྱི་དབྱངས་ལ་འཁུ་ཞིང་པི་ཝང་གི་སྒྲ་ལ་འཕྱ་བ། རྒྱ་གླིང་གི་གདངས་ལ་འགྲན་པ་སོགས་ཀྱི་ཡོན་ཏན་ལྡན་པས། ལུས་ཅན་ཀུན་གྱི་ཡིད་དགའི་རྦ་རླབས་དྲག་ཏུ་འཕྱུར་ནས་སྤྲོ་བའི་ཐལ་མོ་རྡེབ་སྒྲས་ཁྱབ། 


དེ་ནས་བང་གུར་ཐང་བེམ་སྡེ་བའི་རྣམ་ཐར་དྲི་མེད་ཀུན་ལྡན་ཞེས་པའི་ནང་དུ་འཁྲབ་མཁན་རྣམས་ཀྱི་ཉམས་འགྱུར་རྨད་དུ་བྱུང་བ་དང་། མི་སྣ་གཙོ་བོ་རྣམས་ལ་རྣམ་ཐར་ཁྲོད་ཀྱི་མི་སྣའི་སྣང་བརྙན་དང་ཟློས་གར་གྱི་ཁྱད་ཆོས་བཅོས་མིན་དུ་ཐོན་པའི་ཕྱིར། ལྟད་མོ་བ་རྣམས་ཀྱི་འདྲེན་བྱེད་ལམ་དུ་ཡིད་འཕྲོག་དགའ་སྟོན་འབྱེད་པར་གྱུར།

གཞན་ཡང་གཞོན་སྐྱེས་གླུ་མ་དཀའ་ཐུབ་འཚོ་དང་སྐལ་བཟང་མཚོ་མོ། འཕགས་མོ་སྐྱིད་སོགས་ཀྱིས་མཉམ་ལེན་བྱས་པའི་《གནས་མཆོག་རྒན་གྱ།》 《ཨ་མྱེས་གང་སྔོན་གྱི་མཁའ་དབྱིངས།》《རྨི་ལམ》ཞེས་པར་ཡུལ་སྐད་དང་མཐུན་པའི་དག་གསལ་གྱི་འགྲེལ་བརྗོད་དང་རྣ་བའི་བཅུད་དུ་འཇེབས་པའི་དྲུག་འགྱུར་དབྱངས་རྟ། རྩེད་མཚར་ཡིད་དུ་འོང་བའི་གར་ཉམས་བཅས་ལྡན་པས། ཀུན་གྱིས་མགྲིན་པ་གཟེངས་སུ་བཏེགས་ནས་བསྔགས་བརྗོད་སྦམ་མཐོ་བ་མཛད། 



ཕུལ་བྱུང་གཞོན་སྐྱེས་གླུ་བ་ཐོ་རེངས་དང་རྡོ་རྗེ་འཚོ། དགེ་བྷ། འཇིགས་བྱེད། ཚེ་དབང་རིག་འཛིན་སོགས་ཀྱིས་བླངས་པའི་དམངས་གླུ་བདེ་སྐྱིད་ཀྱི་གཡང་ཁྱིམ་ཞེས་པར་དབྱངས་ཀྱི་འགྱུར་ཁུགས་ངོ་མཚར་ཆེ་ལ་སྙན་འཇེབས་ལྡན་པའི་ཐོག་ཚིག་གི་ནང་དོན་ནི་གསོན་ཉམས་ལྡན་པས་ཡིད་དབང་འགུགས་པའི་ནུས་པ་ལྡན་ནོ།







བླ་བྲང་ཕུག་སྡེ་སྡེ་བའི་གཞོན་སྐྱེས་གར་མཁན་ཚོས་བོད་རང་གི་དམངས་ཁྲོད་ཀྱི་གར་ཤ་ཡུ་མོ་ཤེའུ་ཞེས་པར་གནའ་གར་གྱི་ཉམས་འགྱུར་རྨད་དུ་བྱུང་ཞིང་། ཡིད་བརྟན་འཕྲོག་པའི་སྟངས་སྟབས་ལྡན་པ། དེ་ལ་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་ཁྱད་ཆོས་ཐོན་ཡོད་པས། དེར་ཡོད་སྐུ་མགྲོན་ཀུན་གྱི་ཡིད་ལ་སྨྲ་མི་ཤེས་པའི་དགའ་སྤྲོའི་མེ་ཏོག་བཞད་པར་གྱུར།

དེ་བཞིན་དུ་གཞོན་སྐྱེས་གླུ་མ་གྲགས་ཅན་ཀླུ་མོ་སྐྱིད་ཀྱི་གཟེངས་མཐོ་བའི་གླུ་སྐད་ཀྱིས་བླངས་པའི་ཚེ་རིང་མཚོ་མོ་ཞེས་པའི་པི་ཝང་སྦྲེངས་འདྲའི་ངོ་མཚར་གྱི་གཞས་གདངས་དེར་ས་གནས་རང་གི་ཁྱད་ཆོས་དང་སྒྱུ་རྩལ་གྱི་རྣམ་པས་ཕྱུག་པར་བརྟེན། ལྟད་མོ་བ་རྣམས་ཀྱིས་མཐའ་གཅིག་ཏུ་གདེང་འཇོག་མཐོན་པོ་མཛད།

གཞན་ཡང་མདོ་སྨད་ཡུལ་གྱི་རྡུང་ལེན་མཁན་པོ་དཔལ་མགོན་དང་གླུ་མ་གྲགས་ཅན་འཇིགས་བྱེད་འཚོ། བསང་ཁོག་གི་གཞོན་སྐྱེས་ཕུལ་བྱུང་རྡུང་ལེན་མཁན་སྦྲ་ནག་ཚན་སྡེབ་དང་། ཁོ་ཚེའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་སོགས་ཀྱིས་བླངས་པའི་ཨེ་མ་ཡང་ཅིག་སོ་ཞེས་པར་དམངས་སྲོལ་གྱི་རང་བཞིན་ལྡན་ཞིང་། སྒྱུ་རྩལ་གྱི་ཉམས་འགྱུར་མངའ་བ། དབྱངས་ལྡན་གྱི་ཡོན་ཏན་རྫོགས་པ་ཤ་སྟག་ཡིན་པའི་ཁྱད་ཆོས་ཐོན་འདུག་པས། ལྟ་མཁན་རྣམས་ཀྱིས་བསྔགས་བརྗོད་ཀྱི་མཐེ་བོང་མཁའ་རུ་བསྒྲེངས་སོང་།





དེ་ནས་བླ་བྲང་དཔོན་ཚང་གར་བརྒྱུད་སྦྱོང་ཁང་གི་གར་མཁན་ཚོས་དམངས་ཁྲོད་ཀྱི་གར་ས་ལེ་མ་ཞེས་པ་འཁྲབ་སྟོན་བྱས་པའི་ལྡེམ་མྱུར་ཅན་གྱི་འཁྲབ་ལུགས་དང་སྙན་དབང་གསོ་བའི་གཞས་གདངས་སྔར་ལས་ཕུན་སུམ་ཚོགས་ཤིང་བྱང་ཆ་ཡོད་པའི་ཁྱད་ཆོས་ཐོན་འདུག་པས། དེར་ཡོད་ཕོ་མོ་རྒན་གཞོན་ཀུན་གྱི་ཡིད་སེམས་དགའ་ནས་འགྲོ་ལྡོག་མི་བྱེད་པར་གྱུར།

དེ་ནས་ཨ་མདོ་ས་ཁུལ་དུ་གྲགས་པ་རྒྱས་པའི་ཐང་དཀར་རོལ་ཚོགས་ཀྱིས་རྡུང་ལེན་བྱས་པའི་ཐང་དཀར་ཞེས་པར་རང་གི་དམིགས་བསལ་གྱི་གདངས་འགྱུར་དང་འཁྲབ་འཁྱེར། སྟངས་སྟབས་བཅས་ཀྱི་སྒེག་ཉམས་ངོ་མཚར་ཆེ་ཕྱིར། དེར་ཡོད་ལྟད་མོ་བ་ཚོར་མཚོན་ན་དགའ་མགུ་ཡི་རང་གི་གནས་ཤིག་ཏུ་གསལ།

གསར་སྐྱེས་གླུ་མ་ཆུང་ཆུང་བསྟན་འཛིན་དབང་མོས་སྙན་མོའི་ངག་གིས་བླངས་པའི་ལོ་སར་བཟང་ཞེས་པའི་རབ་སྙན་གླུ་དབྱངས་ཀྱི་གདངས་དབྱངས་དེས་མི་ཀུན་གྱི་རྣ་ཡི་དབང་བོ་དང་ཡིད་ཀྱི་བརྟན་པ་དབག་མེད་དུ་འཕྲོག་པར་གྱུར།

དེ་བཞིན་དུ་བོད་རང་གི་སྲོལ་རྒྱུན་གྱི་ཁྱད་ཆོས་ཀྱིས་མངོན་པར་ཕྱུག་པའི་འབེལ་དཀར་ལ་ཀུན་གྱིས་དགའ་བའི་ཐལ་མོ་རྡེབ་སྒྲས་ཁེངས་སོང་།

མཐར་འཁྲབ་སྟོན་པ་ཡོངས་ཀྱིས་རང་རང་གི་འཁྲབ་སྟངས་དང་ལུས་ཀྱི་ཉམས་འགྱུར་གྱི་རྩལ་དྲུག་ངོམས་ནས་བླ་བྲང་སྐོར་བྲོ་ཞེས་པའི་སྐོར་བྲོའི་སྟངས་སྟབས་བསྒྱུར་ཏེ་ཀུན་གྱི་མིག་གི་དགའ་སྟོན་དུ་བསྐྲུན་པ་དང་ཆབས་ཅིག 

ལྟ་མཁན་རྣམས་ཀྱིས་རེབ་འདིའི་ཞིང་གྲོང་གི་ལོ་སར་བླ་བྲང་དགྱེས་འཛོམས་ཞེས་པར་བསམ་བློའི་རང་བཞིན་དང་སྒྱུ་རྩལ་གྱི་རང་བཞིན། སྲོལ་རྒྱུན་གྱི་རང་བཞིན། མི་རིགས་ཀྱི་རང་བཞིན་བཅས་ལྡན་འདུག་ཅེས་མགྲིན་པ་གཟེངས་སུ་བཏེགས་ནས་སྨྲའོ། 

སེམས་ཅན་ཀུན་གྱི་སྨོན་པའི་བླ་བྲང་དུ།། 

ལོ་སར་བསུ་བའི་ཞིང་གྲོང་སྤྲོ་ཚོགས་བསྡུས།། 

ངོ་མཚར་ཡིད་འོང་བྲོ་གར་རྩེད་རིག་སོགས།། 

སྐྱེ་དགུའི་ཡིད་དབང་འགུག་པའི་རྒྱན་དུ་གྲུབ།། 

གླུ་བ་གླུ་མའི་མགུལ་གྱི་བུམ་བཟང་ལས།། 

ཐོན་པའི་འགྱུར་བར་སྟོང་གི་དག་གཙང་གླུ།། 

འགྱུར་ཁུགས་རོལ་མོའི་དབྱངས་དང་སྡེབ་པའི་ཚེ།། 

སྙན་དབང་གསོ་བའི་བདུད་རྩིར་གྱུར་འདི་རྨད།།


འཁྲབ་ཞུགས་པ་ཡོངས་ཀྱི་མཉམ་པར།



བསང་ཆུ་རྫོང་རིག་གནས་ཁང་གི་ལས་མི་འགའི་མཉམ་པར།


























ཡོང་ཁུངས། ཀན་ལྷོ་ཉིན་རེ་ཚགས་པར།

གོང་གི་བཤེར་རིས་ནས་

བརྙན་ཡོངས་སུ་གཟིགས་རོགས།

点赞(0) 打赏

评论列表 共有 0 条评论

暂无评论

微信小程序

微信扫一扫体验

立即
投稿

微信公众账号

微信扫一扫加关注

发表
评论
返回
顶部