དེང་རབས་བོད་ཀྱི་པར་ལེན་ཆེད་མཁས། རྩོམ་པ་པོ་གྲགས་ཅན་མགོན་པོ་བཀྲ་ཤིས་ལགས་མི་འདོད་སྙུན་གྱིས་ཟིན་ནས། བཅོས་ཐབས་མེད་པར་སྤྱི་ལོ2024ལོའི་ཟླ4པའི་ཚེས12ཉིན་གྱི་སྔ་དྲོའི་དུས་ཚོད6དང་སྐར་མ32སྟེང་སྐུ་གཤེགས། མགོན་པོ་བཀྲ་ཤིས་ལགས་ནི1938ལོར་བསང་ཆུ་སྔོན་མོའི་འགྲམ་གྱི་བླ་བྲང་གྲོང་རྡལ་དུ་སྐྱེས་ཤིང་འཚར་ལོངས་བྱུང་ལ། 1959ལོར་ནུབ་བྱང་མི་རིགས་སློབ་གླིང་གི་སྐད་ཡིག་སྡེ་ཁག་ནས་སློབ་མཐར་ཕྱིན་རྗེས་སློབ་གླིང་དེ་གར་ལས་ཞུགས་བྱས། 1960ནས1962ལོའི་བར་དུ་ཀྲུང་དབྱང་མི་རིགས་སློབ་ཆེན་ཆབ་སྲིད་སྡེ་ཁག་ཏུ་མཚན་ཉིད་རིག་པའི་ཞིབ་འཇུག་འཛིན་གྲྭར་ཞུགས་ནས་སློབ་གཉེར་བྱས། ཁོང་ནི་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་སུ་ཏང་དང་རྒྱལ་ཁབ་ཀྱིས་གསོ་སྐྱོང་བྱས་པའི་ཀན་ལྷོ་ཁུལ་གྱི་ཞིབ་འཇུག་སློབ་མ་ཐོག་མ་ཡིན། སྔ་ཕྱིར་ནུབ་བྱང་མི་རིགས་སློབ་གླིང་དང་། ཀན་ལྷོ་ཁུལ་རྨ་ཆུ་རྫོང་ཨུའི་གསར་འགོད་ཚན་ཆུང་། ཀན་སུའུ་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་བཅས་སུ་ཕྱག་ལས་གནང་། 1983ལོ་ནས་བཟུང་ཀན་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་། གཙོས་མི་རིགས་དགེ་ཐོན་ཆེད་གཉེར་སློབ་གྲྭའི་ཏང་ཨུའི་ཧྲུའུ་ཅི། ཀན་ལྷོ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་སོགས་ཀྱི་འགན་བཞེས་ཞོར། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་། ཀྲུང་གོའི་གྲངས་ཉུང་མི་རིགས་ཟློས་གར་ཆེད་མཁས་ཚོགས་པའི་ཚོགས་མི། ཀན་སུའུ་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། ཀན་སུའུ་ཞིང་ཆེན་པར་ལེན་ཆེད་མཁས་མཐུན་ཚོགས་ཀྱི་ཚོགས་མི། ཀན་སུའུ་ཞིང་ཆེན་ཟློས་གར་ཆེད་མཁས་ཚོགས་པའི་ལས་འཛིན། ཀྲུང་གོའི་དམངས་སྲོལ་པར་ལེན་ཆེད་མཁས་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན། ཀྲུང་གོའི་པར་ལེན་ཆེད་མཁས་རྒན་པའི་མཐུན་ཚོགས་ཀྱི་ཚོགས་མི་སོགས་ཀྱི་འགན་གཅིག་ལྕོགས་སུ་བཞེས་མྱོང་། ཁོང་གིས་ཏང་སྲིད་ཀྱི་ཕྱག་ལས་གནང་སྐབས་ཀན་ལྷོའི་འཕེལ་རྒྱས་ཀྱི་ཕྱིར་དུ་ལོ་ངོ་བཅུ་ཕྲག་གི་རིང་ལ་ཐེངས་མང་པོར་གཞི་རིམ་གྱི་སྡེ་གྲོང་སོ་སོར་རྟོག་ཞིབ་བྱེད་པར་ཕེབས་སྟེ། མི་དམངས་ཀྱི་བདེ་སྡུག་སེམས་ཁོངས་སུ་ཉར་ནས་དམངས་བདེ་སྲིད་བརྟན་གྱི་ལས་དོན་མང་དུ་བསྒྲུབས། ཁྱད་པར་དུ་ཁོང་གིས་ཀླུ་ཆུ་རྫོང་བླ་རུ་མགུལ་རྭ་སྦོམ་ཆུ་ཁུག་བཅོ་བརྒྱད་དང་རྫས་ཚའི་བྲག་རི་སོགས་མཛེས་པའི་ཡུལ་ལྗོངས་པར་ཆས་ཀྱི་ལམ་ནས་འཛམ་བུའི་གླིང་གི་རིགས་སོ་སོའི་མི་དམངས་ཀྱི་མིག་གི་དགའ་སྟོན་དུ་ཕུལ་བས། མདོ་དབུས་མཐོ་སྒང་གི་མཛེས་ལྗོངས་ཀྱིས་ཀུན་གྱི་ཡིད་དབང་འཕྲོག་པ་དང་ཁོང་གི་མཚན་སྙན་ཀྱང་དེ་བཞིན་འཛིན་མའི་ཁྱོན་ལ་གྲགས། ཁོང་གིས་བླངས་པའི་པར་རིས་སྔ་གཞུག་ཏུ《ཀྲུང་གོའི་མཁའ་སྤྱོད》དང་། 《པེ་ཅིང་གཟའ་དེབ》《མང་ཚོགས་བརྙན་པར》《པར་ལེན་ཆེད་མཁས》སོགས་ཆེད་དེབ་མང་པོར་སྤེལ་པ་དང་། 1992ལོར《མགོན་པོ་བཀྲ་ཤིས་ཀྱི་པར་རིས་གཅེས་བསྡུས》པར་དུ་བསྐྲུན། ལོ་དེར་དབྱིན་ཇུའི་ཅན་ཆོ་རྒྱལ་སྤྱིའི་མི་སྣའི་ལོ་རྒྱུས་ལྟེ་གནས་ཀྱིས1991ལོ་ནས1992ལོའི་རྒྱལ་སྤྱིའི་མི་སྣ་གྲགས་ཅན་དུ་བདམས་པ་དང་། དུས་རབས་ཉི་ཤུ་པའི་གྲུབ་འབྲས་ཅན་གྱི་བྱ་དགའ་ཐོབ། གཞན་ཡང་། ཁོང་གིས་སྔ་ཕྱིར་ཀོང་ཀྲུའུ་དང་ཧྲང་ཧེ་སོགས་གྲོང་ཁྱེར་མང་པོར་མི་སྒེར་གྱི་པར་རིས་འགྲེམས་སྟོན་བྱས་པ་དང་། རྒྱལ་ཁབ་ཕྱི་ནང་གི་པར་རིས་སྒྱུ་རྩལ་གྱི་བྱ་དགའ་མང་དུ་ཐོབ། མདོར་ན་ཁོང་གིས་བླངས་པའི་པར་རིས་རྒྱལ་ཁབ44ལྷག་ལ་བཀྲམ་པ་དང་ལྷན་དུ། ཀན་ལྷོའི་དཔལ་འབྱོར་འཕེལ་རྒྱས་ལ་དངོས་ཤུགས་གང་རུང་གིས་སྐུལ་འདེད་བླ་མེད་ཐེབས། 1995ལོའི་ཟླ6པའི་ཟླ་སྨད་ནས་ཟླ8པའི་ཚེས16ཉིན་གྱི་བར་དུ། མགོན་པོ་བཀྲ་ཤིས་ལགས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། ཀྲུང་གོའི་བོད་རིགས་གླུ་གར་ཚོགས་པའི་སྣེ་ཁྲིད་དེ། ཁ་ན་ཏའི་ཁུའེ་པེ་ཁེ་མངའ་སྡེའི་ལ་ཤིན་གྲོང་ཁྱེར་དང་། ཨན་ཏ་ལུའེ་མངའ་སྡེའི་ཁང་ཝོ་གྲོང་ཁྱེར། ཨ་རིའི་བྱང་ཁ་ལའོ་ལའེ་ན་མངའ་སྡེའི་ཝེ་ཨེན་སི་གྲོང་ཁྱེར་བཅས་སུ་སྤེལ་བའི་རྒྱལ་སྤྱིའི་དམངས་ཁྲོད་སྒྱུ་རྩལ་དུས་ཆེན་དུ་ཞུགས་ཤིང་། ཨ་མེ་རི་ཀ་ནས་ཁོང་གིས་《ང་ཚོ་གླུ་གར་གྱི་རྒྱ་མཚོ་ནས་ཡོང་བ་ཡིན》ཞེས་པའི་གཏམ་བཤད་གནང་བ་མ་ཟད། 《མགོན་པོ་བཀྲ་ཤིས་ཀྱི་པར་རིས་གཅེས་བསྡུས》ཞེས་པའི་བརྙན་དེབ་ཁ་ན་ཏ་དང་ཨ་རིའི་ལས་རིགས་ཁག་གི་མི་སྣར་གཟིགས་འབུལ་བྱས། ཁོང་གིས་ཐེངས་དེར་ཀྲུང་གོའི་བོད་རིགས་གླུ་གར་ཚོགས་པའི་སྣེ་ཁྲིད་པའི་གྲུབ་འབྲས་གཟེངས་སུ་མཐོ་བས། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་དང་ཞིང་ཆེན། ཁུལ་རིམ་པ་བཅས་ཀྱི་གཟེངས་བསྟོད་དང་བྱ་དགའ་རིམ་པར་ཐོབ། ད་དུང་ཁོང་གིས་སྒྱུ་རྩལ་རྩོམ་རིག་གསར་རྩོམ་གྱི་ཐད་ནས་ཕྱག་རྗེས་མི་དམན་པ་བླངས་ཡོད་དེ། སྔ་ཕྱིར་འཁྲབ་གཞུང《སུ་རུའི་མེ་ཏོག་བཞད་སོང་》དང་། 《མགོན་པོ་བཀྲ་ཤིས་ཀྱི་སྙན་ངག་ཕྱོགས་བསྒྲིགས》སོགས་པར་དུ་བསྐྲུན་པ་ལ། ཀན་སུའུ་ཞིང་ཆེན་ཟློས་གར་གསར་རྩོམ་གྱི་བྱ་དགའ་ཨང་དང་པོ་དང་། སྐབས་དང་པོའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་བརྗོད་དོན་གྱི་འཁྲབ་གཞུང་འགྲན་རྩོམ་ལས་གསེར་གྱི་རྟགས་མ་སོགས་བྱ་དགའ་མང་དུ་ཐོབ་མྱོང་། མདོར་ན། ཁོང་གི་སྐུ་ཚེ་གང་བོ་ནི་ཏང་དང་སྲིད་གཞུང་གི་ཚབ་བགྱིས་ནས་ཀན་ལྷོའི་རིགས་སོ་སོའི་མི་དམངས་ལ་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པ་དང་། བོད་ཀྱི་སློབ་གསོ་དང་རིག་གནས་གོང་འཕེལ་ཐད་ལ་མཛད་རྗེས་བླ་ན་མེད་པ་བཞག་ཡོད།



来源:岗路巴文学平台


发表评论 取消回复