བསང་ཆུ་རྫོང་གིས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་བསུ་བ་དང་དངོས་མིན་ཤུལ་བཞག་རིག་གནས་ཡིག་གཟུགས་བརྩམས་ཆོས་སློབ་རར་བསྐྱོད་པའི་བྱ་འགུལ་སྤེལ། 

      ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་དོན་ལྔ་འཁོར་བ་དང་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་དགའ་སྤྲོ་འབུམ་གྱིས་བསུ་ཆེད།ཟླ4ཚེས29ཉིན་གྱི་སྔ་དྲོར་བསང་ཆུ་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་དང་ཡུལ་སྐོར་ཅུའུ་དང་། རྫོང་རིག་གནས་ཁང་།  ཁུལ་དང་རྫོང་གི་ཡིག་གཟུགས་མཐུན་ཚོགས་བཅས་ཀྱིས་བསང་ཆུ་རྫོང་འབོ་ར་གྲོང་རྡལ་ལོ་ཡག་ཐང་གི་ཞིང་སྡེ་རིག་གནས་ཤུལ་བཞག་རིག་གནས་བཤམས་སྟོན་ཁང་དུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་བསུ་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་མི་སྣ་མཁས་དབང་སྨོན་ལམ་རྒྱ་མཚོ་ལགས་ཀྱི་མཛད་རྣམ་ལ་སློབ་སྦྱོང་དང་ལྟ་སྐོར། ཁུལ་དང་རྫོང་རིམ་པའི་ཡིག་མཁན་མཐུན་ཚོགས་གཙོས་ཚོགས་ཞུགས་མི་སྣས་ཡིག་གཟུགས་འབྲི་སྦྱོང་བྱེད་པ་སོགས་ཀྱི་བྱ་འགུལ་སྤེལ། 

      ཕྱི་དྲོར་ཨ་མཆོག་ལོ་དགུའི་ལུགས་ཀྱི་ཞག་འདུག་སློབ་གྲྭ་ནས་ཡིག་མཁན་རྣམ་པས་སོ་སོའི་ཡིག་གཟུགས་བརྩམས་ཆོས་འགྲེམས་སྟོན་བྱས། ཐེངས་འདིའི་འགྲེམས་སྟོན་དུ་ཡིག་གཟུགས་གསར་རྩོམ་ལྔ་བཅུ་ང་ལྔ་འབྱོར་བ་དང་། བསང་ཆུ་རྫོང་གིས་བསྒྲུབས་པའི4.30རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོར་མངོན་མིན་ཤུལ་བཞག་རིག་གནས་ཡིག་གཟུགས་འགྲེམས་སྟོན་དུ་ཚུད་པའི་ཡིག་མཁན་དགུ་ལ་བྱ་དགའི་དཔང་ཡིག་བསྩལ། ཡུལ་དངོས་ནས་ཨ་མཆོག་སློབ་གྲྭའི་སློབ་མ་ཆིག་སྟོང་ལྔ་བརྒྱ་ཉེ་བར་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གྱི་དགོངས་དོན་དྲིལ་སྒྲོག་དང་མངོན་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན་དར་སྤེལ་སྐོར་གྱི་གཏམ་བཤད་བྱས། དེ་མིན“ཀྲུང་ཧྭ་མི་རིགས་ཐུན་མོང་གཞི་གཅིག་གི་འདུ་ཤེས་བརྟན་པོར་འཛུགས་པ”དང་། ཀྲུང་ཧྭའི་ཕུལ་བྱུང་རིག་གནས་རྒྱུན་འཛིན་བྱེད་པ། “ཤུལ་བཞག་རིག་གནས་སློབ་རར་བསྐྱོད། ། རིག་གནས་མཉམ་དུ་རྒྱུན་འཛིན་བྱེད། ། ”ཅེས་པ་བརྗོད་གཞིར་བཟུང་ནས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་སློབ་རར་དར་སྤེལ་དང་རྒྱུན་འཛིན་ལ་སྐུལ་འདེད་བྱས་པ་དང་། ཡིག་མཁན་སོ་སོས་དགེ་སློབ་ཀུན་གྱི་མིག་གི་དཔྱིད་དང་སེམས་ཀྱི་གསོས་སུ་སོར་མོའི་འདུ་བྱེད་རྩལ་དུ་ངོམས།

        གཞན་ཡང་བྱ་འགུལ་དུ་ཀན་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་བོད་ཀྱི་རིག་གནས་བློ་འདོན་པ་རྒན་དཀོན་ལོའི《བོད་ཀྱི་དམངས་གླུ་གསར་རྩོམ་ཐོས་པ་དགའ་སྐྱེད》དང་། ཁུལ་རིག་གནས་ཡུལ་སྐོར་ལུས་རྩལ་རྒྱང་སྒྲོག་ཁང་གི་ཀླུ་རྒྱལ་དོན་གྲུབ་ཀྱི《ཨ་མདོའི་རྣམ་ཐར་ཟློས་གར་འཁྲབ་གཞུང་རྒྱ་འགྱུར་མ》ཀན་ལྷོ་ཁུལ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཚེ་རིང་དོན་གྲུབ་ཀྱི《བོད་ཀྱི་ཡིག་གཟུགས་རབ་རྒྱན་ནོར་བུའི་དོ་ཤལ》བཅས་གཙོ་བྱས་པའི་དེབ་སུམ་བརྒྱ་ལྔ་བཅུ་ལྷག་ཨ་མཆོག་ལོ་དགུའི་ལུགས་ཀྱི་ཞག་སྡོད་སློབ་གྲྭར་སྐྱེས་སུ་ཕུལ། ། 

ཡོང་ཁུངས། བསང་ཆུ་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་དང་ཡུལ་སྐོར་ཅུའུ།


点赞(0) 打赏

评论列表 共有 0 条评论

暂无评论

微信小程序

微信扫一扫体验

立即
投稿

微信公众账号

微信扫一扫加关注

发表
评论
返回
顶部