夏河县公共文化云 · 让文化点亮生活
会员中心 登录 注册
🔍
首页 > 首页 > 资讯 > 文化动态 > 正文

བསང་ཆུའི་གླུ་བར་བོད་ཀྱི་དམངས་གླུ་འགྲན་སྡུར་ཁྲོད་བྱ་དགའ་ཐོབ།

མེས་པོའི་གླུ་སྐད་ལས་མཆེད་པའི་ངག་གི་གྲེ་འགྱུར་སྙན་མོ།

 འཚོ་བའི་གཏིང་རིམ་ནས་བརྡོལ་བའི་སེམས་ཀྱི་འགྱུར་ཁུགས་དྭངས་མོ།

ཀན་ལྷོའི་གླུ་མ་འབྲུག་མོ་སྐྱིད་ཀྱིས་བོད་ཀྱི་དམངས་གླུ་འགྲན་སྡུར་སྐབས་བཞི་པའི་སྟེང་བྱ་དགའ་ཨང་དང་པོ་བླངས།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་བོད་ཀྱི་དམངས་གླུ་འགྲན་སྡུར་ཐེངས་གསུམ་ལ་སྤེལ་ཏེ། རྒྱ་ཆེའི་ཉན་མཁན་དང་བལྟ་མཁན་གྲོགས་པོ་ཡོངས་ལ་བག་ཆགས་ཟབ་མོ་བཞག་ཡོད།

图片

2026ལོའི་ཟླ8པའི་ཚེས25ནས28ཉིན་བར། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་དང་ཀྲུང་གུང་ཀོས་ནན་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་བསྒྲུབ་པའི་མཚར་སྡུག་ཀོས་ནན་རྟགས་མའི་བོད་ཀྱི་དམངས་གླུ་འགྲན་སྡུར་སྐབས་བཞི་པ་རུ། འགྲན་ཁུལ་བཅུ་གཉིས་ནས་ཕུལ་དུ་བྱུང་བའི་གླུ་བ་གླུ་མ་ལྔ་བཅུ་ལྷག་བདམས་ཐོན་བྱུང་སྟེ། ཐོག་མའི་འགྲན་སྡུར་དང་བསྐྱར་འགྲན། རྟིང་རྩོད་འགྲན་སྡུར་བཅས་ཛ་དྲག་ཆེ་བའི་འགྲན་རིམ་རེ་རེ་བརྒྱུད་མཐར། ཀན་ལྷོའི་འགྲན་ཁུལ་གྱི་གླུ་མ་འབྲུག་མོ་སྐྱིད་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། གླུ་བ་དགེ་བྷ་ལ་ཨང་གསུམ་པ་ཐོབ།

图片

གླུ་མ་འབྲུག་མོ་སྐྱིད་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་འབོ་ར་ནས་ཡིན་ལ།ཆུང་དུས་ནས་གླུ་དང་འབྲེལ་བའི་ངག་རིག་སྒྱུ་རྩལ་ལ་བག་ཆགས་ཟབ་པས། ཀན་ལྷོ་ཁུལ་བསང་ཆུ་རྫོང་བླ་བྲང་གཟུགས་འདས་ཤུལ་བཞག་རིག་གནས་སྒྱུ་རྩལ་ཚད་ཡོད་སྤྱི་གཉེར་ཁང་ན་ལས་ཞུགས་བྱས་ཡོད། བསང་ཆུ་རྫོང་གི་ཁུལ་རིམ་པའི་དམངས་གླུའི་བརྒྱུད་འཛིན་མཁན་ཡང་ཡིན། 

图片

གླུ་བ་དགེ་བྷ་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་རྒན་གྱ་ནས་ཡིན་ལ། འབྲོག་ལས་གཉེར་ཞོར་དུ་གླུ་ངག་སྒྱུ་རྩལ་ལ་སྦྱངས་པ་མི་དམན་པ་བྱས་དང་བྱེད་མུས་སུ་ཡོད། ཁོ་བོའང་བསང་ཆུ་རྫོང་གི་ཁུལ་རིམ་པའི་དམངས་གླུའི་བརྒྱུད་འཛིན་མཁན་ཡིན། 

ཐེངས་འདིའི་མཚར་སྡུག་ཀོས་ནན་རྟགས་མའི་བོད་ཀྱི་དམངས་གླུ་འགྲན་སྡུར་སྐབས་བཞི་པའི་སྟེང་ཀན་ལྷོ་འགྲན་ཁུལ་ནས་ཐོན་པའི་གླུ་མ་འབྲུག་མོ་སྐྱིད་ཀྱིས་ཨང་དང་པོ་དང་གླུ་བ་དགེ་བྷ་ཡིས་ཨང་གསུམ་པ་བླངས་པ་འདིས་ཀྱང་ཀན་ལྷོའི་ཡུལ་གྱི་གླུ་བ་གླུ་མ་དག་གིས་དམངས་གླུ་སྒྱུ་རྩལ་ལ་བཟུང་པའི་རིན་ཐང་དང་གཟི་ཉམས་མངོན་ཡོད།




ཡོང་ཁུངས། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྨྱན་སྦྱོར་ལྟེ་གནས་ཀྱི་བོད་སྐད་སྤྱི་སྟེགས།



རྩོམ་སྒྲིག丨ཀོ་ཡཱ་བྱན།    རྩོམ་འགན།丨གཅོད་པ་སྐྱབས།

ལྟ་སྐུལ།丨རྟ་མགྲིན་སྐྱབས།    སྤྱིའི་ལྟ་སྐུལ་བ།丨ཚེ་མགོན་སྐྱབས།

👍 点赞 0 ⭐ 收藏 ↗ 分享
评论 (0)
暂无评论