རང་རེའི་བོད་འདིར་ལོ་ངོ་ཉིས་སྟོང་ལྷག་གི་སྔོན་ནས་རི་མོ་འབྲི་བའི་ལག་རྩལ་དར་ཡོད་པ་སྟེ། ད་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་ལྟར་ན། སྤྱི་ལོའི་སྔོན་གྱི་ལོ་ཉིས་བརྒྱའི་དུས་ལ་བོད་ཀྱི་རྒྱལ་པོ་གཉའ་ཁྲི་བཙན་པོ་བྱུང་ལ། ཁོང་གི་ཕོ་བྲང་ཡུམ་བུ་ལྷ་མཁར་བཞེངས་སྐབས་ལྡེབས་རིས་སུ་བཙན་པོ་རང་ཉིད་མི་བཞིའི་གཉའ་བར་ཁྲི་བྱས་ཏེ་རྒྱལ་བོར་བསྐོས་ཚུལ་བྲིས་པ་དང་། རྒྱལ་བོའི་སྲོང་བཙན་སྒམ་པོའི་དུས་སུ་ལྷ་ས་གཙུག་ལག་ཁང་གསར་བཞེངས་བྱས་སྐབས་ཀྱང་ལྡེབས་རིས་སུ་རོ་སྒྲུང་དང་། གབ་ཚིག་གི་སྒྲུང་སྣ་ཚོགས་ཀྱི་རི་མོ་དང་། གཙུག་ལག་ཁང་གི་ལོ་རྒྱུས། རྒྱ་བཟའ་ཀོང་ཇོ་བོད་དུ་གདན་འདྲེན་བྱེད་པར་རྒྱལ་བློན་རྣམས་ཀྱི་དགའ་བསུ་སྣེ་ལེན་བྱས་པའི་གནས་ཚུལ་དང་། སྐབས་དེའི་ཕོ་བྲང་པོ་ཏ་ལའི་འདྲ་རིས་སོགས་ལྡེབས་རིས་ཁག་ཅིག་ད་ལྟའང་མཐོང་རྒྱུ་ཡོད་པ་རེད།

ཧ་ལམ་ཡོན་རྒྱལ་རབས་ཀྱི་དུས་ནས་བཟུང་རིས་མོའི་རྣམ་པ་དེ་འཕེལ་རྒྱས་སུ་སོང་སྟེ་རིམ་བཞིན་ཐང་ཀར་འགྱུར་ལ། ཞ་ལུའི་ལྷ་ཁང་ཆེན་པོ་ནང་གི་ཐང་ཀ་ནི་བོད་ཀྱི་ལོ་རྒྱུས་སྟེང་གི་ཐང་ཀ་ཆེས་ཐོག་མར་ངོས་བཟུང་ཆོག་མོད། ཡིན་ནའང་ལོ་རྒྱུས་ཀྱི་དབང་གིས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ནང་གསེས་བཟོ་རིག་པ་ལའང་གྱོང་གུད་ཆེན་པོ་ཞིག་བཟོས་ཏེ་བྲིས་རྒྱུན་གང་མང་ཞིག་གི་སྲོལ་ཉམས་ནའང་སྟབས་ལེགས་པ་ཞིག་ལ།  མིང་རྒྱལ་རབས་ནས་བཟུང་བོད་ཀྱི་ལྷ་བཟོ་བ་ཁག་ཅིག་གིས་རང་གི་བྲིས་རྒྱུན་གྱི་སྲོལ་་བཟང་རྨང་གཞི་བྱེད་ཐོག་རྒྱ་རིགས་ཀྱི་རི་མོ་བའི་ལག་རྩལ་དང་ཁྱད་ཆོས་ལ་སློབ་སྦྱོང་བྱས་ཏེ་ལེགས་ཆ་གང་མང་ཞིག་ནང་འདྲེན་བྱེད་པ་དང་མཉམ་དུ་བྲིས་ལུགས་ཀྱང་ཀརྨ་སྒར་བྲིས་དང་། གཙང་བྲིས། ཁམས་བྲིས། དབུས་བྲིས།  སྨན་བྲིས་སོགས་ལུགས་མི་འདྲ་བ་མང་པོ་བྱུང་ནས་བོད་ཀྱི་ཐང་གར་སྔར་མེད་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་བྱུང་། འོག་ནས་ང་ཚོས་ངོ་སྤྲོད་བྱེད་རྒྱུའི་ལྷ་རིས་བ་ཁོང་ནི་གོང་གི་ལུགས་དག་ལས་སྨན་ལུགས་སུ་གཏོགས་ཤིང་། ལྷ་རིས་པ་ཁོང་གི་མཛད་རྗེས་ཀྱང་ཨ་མདོའི་ས་ཕྱོགས་ཀུན་ཏུ་མཁའ་རུ་རྒྱུ་སྐར་འཆར་བ་ཇི་བཞིན་ཁྲ་ལམ་མེལ་སྣང་ལ། དེ་དག་རེ་རེར་བཞིན་བརྗོད་ན། ཡེ་གེ་མང་བར་དོག་ནས་ཁོང་གི་ལོ་རྒྱུས་རགས་བསྡུས་ཙམ་བརྗོད་ན་འདི་ལྟ་སྟེ། ལྷ་རིས་པ་མཆོད་རྟེན་སྐྱབས་ནི་སྤྱི་ལོ༡༩༣༥ལོར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་ཐུན་རིན་རྫོང་གི་སེང་གེ་གཤོང་ཡུལ་ཚོའི་མ་མགོའི་མཁར་ནང་སྡེ་བར་སྐྱེས་ཤིང་། ཁོང་ཉིད་ལ་གཞན་དང་མི་འདྲ་བར་ཨ་མ་མངལ་ལས་སྐྱེས་མ་ཐག་ཕ་མས་བཙན་པ་བྱེད་རྒྱུའི་ཐག་ལ། དགུང་ལོ་དྲུག་གི་སྟེང་ནས་སེང་གེ་གཤོང་ཡུལ་ཚོའི་མ་མགོ་དགོན་གྱི་ཆོས་གྲྭར་ཞུགས་ཤིང་།  མགར་བ་དགེ་སློང་བན་ཏེ་མཁར་གྱི་མདུན་ནས་རབ་ཏུ་བྱུང་ལ་ཡི་གེ་སྦྱོར་ཀློག་དང་འདོན་ཆོས་སྤྱོད་སོགས་ཞིབ་ཏུ་སྦྱངས།  དགེ་བའི་བཤེས་གཉེན་དཔྱི་ས་བློ་གྲོས་རྒྱ་མཚོའི་དྲུང་དུ་དག་ཡིག་དང་སྐྱབས་ཁྲིད་བཅས་ལ་སློབ་གཉེར་བྱས།

དགེ་སློང་རྡོ་རྗེ་ཐར་དང་འཇིགས་མེད་ཆོས་སྐྱོང་རྣམ་གཉིས་དགེ་རྒན་དུ་བསྟེན་དེ་ལྷ་རིས་སྒྱུ་རྩལ་ཡང་སྦྱངས།  



༡༩༥༦ལོར་ཁོ་དགེ་སློང་རྡོ་རྗེ་ཐར་དང། འཇིགས་མེད་ཆོས་སྐྱོང་རྣམ་གཉིས་དང་ལྷན་དུ་སྐབས་དེ་དུས་ཀྱི་ཀན་ལྷོ་ཁུལ་བསང་ཆུ་རྫོང་རྒྱལ་མོ་དགོན་ཀུང་ཧྲེ་ལ་ཕྱིན་ནས་རྒྱལ་མོ་དགོན་གྱི་འདུ་ཁང་གི་འཇིགས་པ་བརྒྱད་སྐྱོབ་དང་གནས་བརྟན་བཅུ་དྲུག་སོགས་ཀྱི་ལྷ་སྐུ་བཞེངས་ལ། ལྷ་སྐུ་བཞེངས་བ་རྒྱུ་སྤུས་བཟང་ཞིང་སྒྱུ་རྩལ་གྱི་ཉམས་ཡོངས་སུ་རྫོགས་པས། ལྷ་སྐུ་དེ་དག་དེང་སྐབས་དགོན་པ་དེའི་རྟེན་འགངས་ཆེན་དུ་བརྩི་བར་བཤད། སྤྱི་ལོ༡༩༥༨ལོ་ཁོས་རྗེ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཐུགས་བཀོད་ལྟར་ལོ་ངོ་གཉིས་ཀྱི་རིང་དུ་མགོ་ལོག་སྔགས་ས་མཚམས་ཐོག་དགོན་པར་རྗེ་བཙུན་མི་ལ་རས་པའི་གྱན་ཐང་བཞེངས།  ༡༩༦༠ལོ་ནས་རིག་གནས་གསར་བརྗེ་ཆེན་མོའི་གོད་ཆག་དེ་ཁ་བ་གངས་རིའི་རི་ལུང་ཀུན་ཏུ་མུན་ནག་བཞིན་འཐིབས་པ་དང་མཉམ་དུ་ལྷ་རིས་པ་མཆོད་རྟེན་སྐྱབས་ཀྱང་སྐྱ་སར་མི་འབབ་ཐབས་མེད་བྱུང་སྟེ་དགོན་པ་ནས་ཕྱིར་རང་ཡུལ་དུ་ལོག་ལ།  ལྷ་རིས་ཁོང་གི་སྐྱེས་ཡུལ་མཚོ་སྔོན་ཡིན་ནའང་རང་རེའི་ཀན་ལྷོར་ཆུང་དུས་ནས་ལས་སྨོན་འབྲལ་མེད་ཅིག་མཆིས་པ་སྟེ།  ༡༩༦༣་ལོར་ཀན་ལྷོ་རྒྱལ་མོ་དགོན་ཡུལ་གྱི་མི་ཞིག་གིས་གསང་བའི་སྒོ་ནས་ཁོང་ལ་འབྲེལ་བ་བྱས་ཏེ་ལོ་གསུམ་གྱི་རིང་རྒྱལ་མོ་དགོན་གྱི་དགེ་སློང་འགའ་རེ་ལ་ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་དང་རྒྱལ་མཚན་རྩེ་མོའི་དཔར་ཤིང་བརྐོས་བརྐོ་རུ་བཅུག། དུས་དེ་ནས་བཟུང་ཀན་ལྷོའི་མི་ལ་འབྲེལ་འདྲིས་ཟབ་མོ་ཆགས་ནས་༡༩༦༦ལོར་བླ་བྲང་ཙ་ཡུས་སྡེ་བར་མག་པ་སོང་སྟེ་གཞི་ཆགས་པ་རེད།  སྐབས་དེ་དུས་ཀྱང་གསང་བའི་སྒོ་ནས་བསང་ཆུ་རྫོང་གི་ཨ་མཆོག་དགོན་དུ་བདེ་མཆོག་དང་ཤིས་ཚང་དགོན་དུ་སྟོན་པའི་འཁྲུངས་རབས།  མགོན་ཆོས་ལྔའི་ཞལ་ཐང་།  རྒྱན་དྲུག་མཆོག་གཉིས་སོགས་མང་དུ་བཞེངས།  ༡༩༨༢ལོར་ཏང་གི་སྲིད་ཇུས་ཀྱི་ཉི་ཟེར་གངས་རིའི་ལྗོངས་ལ་འཕྲོས་ནས་དགོན་པ་སོ་སོའི་ཆོས་སྒོ་འབྱེད་པ་དང་མཉམ་དུ་ཁོང་དང་ཁོང་གི་ཚ་བོ་རྒྱལ་མཚན་གཉིས་ཀྱིས་བླ་བྲང་དགོན་པའི་རྒྱལ་བ་སེང་གེ་ང་རོའི་ལྷ་ཁང་གི་ལྷ་མོ་དང་འཇིགས་བྱེད།  ཆོས་རྒྱལ།  མགོན་པོ་བཅས་ཀྱི་གྱན་ཐང་བཞེངས།  དེ་ནས་བླ་བྲང་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཐུགས་བཀོད་ལྟར།  ཁོང་ཚང་ལ་སྟོན་པའི་འཁྲུངས་རབས་དང་ཁོང་གི་སྐུ་ཕྲེང་རིམ་བྱོན་གྱི་གྱན་ཐང་སོགས་བཞེངས།  པན་ཆེནསྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་དང་འོད་དཔག་མེད་སོགས་ཀྱི་ཐང་ག་ཉི་ཤུ་བཞེངས་ཏེ་ཁོང་གིས་བིས་མདོ་དཔོན་ཚང་པནཆེན་སྐུ་ཕྲེང་བཅུ་བའི་མཆོད་གཞིས་སྟོན་ཆེན་ལ་ཕུལ་བས་པནཆེན་རིན་པོ་ཆེ་ཁོང་ཡང་ཐུགས་དགྱེས་ཚད་མེད་མཛད།  ཐང་ག་དེ་རྣམས་ད་ལྟ་སྐུ་གདུང་ལྷ་ཁང་གི་ཐོག་ཁང་དུ་བཞུགས།  བླ་བྲང་དགོན་གྱི་བླ་བརྒྱུད་དང་དུས་འཁོར་གྲྭ་ཚང་གི་དུས་འཁོར་སོགས་བཞེངས།  སྤྱི་ལོ༡༩༩༣ལོར།  ཁོང་དང་ཁོང་གི་སློབ་མ་རྒྱལ་མཚན་བཅས་ཀྱིས་བཞེངས་པའི་གནས་བརྟན་བཅུ་དྲུག་གི་ཐང་ག་བྱོན་ལེགས་ཅན་ཞིག་བཞེངས་པ་དེ་ད་ལྟ་ཀན་སུའུ་ནང་བསྟན་སློབ་གླིང་དུ་བཞུགས།  སེང་གེ་གཤོང་མ་མགོ་དགོན་གྱི་འདུ་ཁང་དུ་ཤར་སྐལ་ལྡན་རྒྱ་མཚོའི་གསུང་མགུར་གྱི་གྱན་ཐང་བཞེངས་པ་སོགས་མདོར་ན་བོད་ཁུལ་གྱི་དགོན་སྡེ་དུ་མ་དང་།  ཁྱད་པར་དུ་ཀན་སུའུ་ཕྱོགས་སུ་ཙ་ཡུས་ལྷ་རིས་པ་ཞེས་སྙན་གྲགས་ཤིན་ཏུ་ཆེ་བས་།  ཁོང་གི་སློབ་མ་གཙོ་བོ་ནི་བུ་རིག་འཛིན་རྡོ་རྗེ་དང་ཚ་བོ་རྒྱལ་མཚན།  སུའུ་སི་ལན་དུ་ཡོད་པའི་ལྷ་རིས་པ་བླ་མ་སྐྱབས། སྐལ་བཟང་རྒྱལ་མཚན་སོགས་ཡིན།  གཞན་ད་དུང་སློབ་མའི་སློབ་མ་ནི་ཆར་རྗེས་ཀྱི་ཤྭ་མོ་ལྟར་གང་ས་གང་དུ་ཁྱབ་ཡོད་ཁྱབ་ཡོད་སྟེ། ཕྲན་ལ་ཅུང་ཆ་རྒྱུས་ཡོད་པའི་ཁོང་གི་སློབ་མ་སྐལ་བཟང་རྒྱལ་མཚན་ལ་མཚོན་ནས་བཤད་ན་ད་ལྟ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་དུ་ཐང་གའི་སྒོས་ཚུགས་སློབ་གྲྭ་ཞིག་བཙུགས་ཡོད་ལ། སློབ་མ་བརྒྱ་ཕྲག་ཙམ་ཡོད་པར་མ་ཟད་ཞིང་ཆེན་རིམ་པའི་ཐང་ག་རྒྱུན་འཛིན་པའི་མཚན་སྙན་བླངས་ཡོད།

ལྷ་རིས་པ་མཆོད་རྟེན་གྱིས་ལྟ་སྐུལ་འོག་སྤྱི་ལོ༡༩༨༨ལོརཁོང་གི་སློབ་མ་རྒྱལ་མཚན་གྱིས་མ་དགོན་གྱི་རྗེ་ལྷ་ཁང་བཞེངས་དུས།  ཚོ་ཆུང་གི་ལྷ་དཔོན་མཛད་དེ་སེང་གེ་གཤོང་ལྷ་རིས་པ་མཁར་ནང་སྙིང་འབུམ་དང་དོན་གྲུབ་རྒྱལ།  ལི་ཀྱ་དབང་ཕྱུག་ཉི་མ་དང་ཤ་བོ་ཆུང་བ་བཅས་ཀྱིས་རྗེ་ལྷ་ཁང་གི་ཆོས་རྒྱལ་དང་ཙོང་ཁ་བརྒྱད་ཅུའི་གྲས་ཀྱི་གྱན་ཐང་བཞིབཞེངས།



སྤྱི་ལོ༡༩༩༦ལོར།  ཁོང་གི་ཐུགས་བཀོད་ལྟར།  རྒྱལ་མཚན་ལ་ཀུན་འདུས་ཞལ་ཐང་ཆེན་མོ་གསར་བཞེངས་ཚོགས་པའི་གདན་ཞུས་ཡི་གེ་འབྱོར་བ་ལྟར་དབུ་ཆེན་གྱི་འགན་བཞེས་ཏེ་ལྷ་མོ་སོགས་བཞེངས།  སྤྱི་ལོ༡༩༩༧ནས༡༩༩༩བར་དུ། ཁོང་གཙོས་རྒྱལ་མཚན་བཅས་ཀྱིས་བླ་བྲང་རྒྱལ་མོ་དགོན་དགེ་ལྡན་དར་རྒྱས་གླིང་གི་འདུ་ཁང་ཆེན་མོ་དང་རྒྱུད་སྨད་གྲྭ་ཚང་གཉིས་ལ་ཤིང་རིས་བཏང་།  དེ་གཉིས་སུ་ཚད་ལྡན་བྱོན་ལེགས་ཀྱི་ཐང་ག་ཆེ་ཆུང་མང་པོ་བཞེངས།  སྤྱི་ལོ་༢༠༠༢ལོ་ནས༢༠༠༩བར།  ཁོང་གི་སྐུ་དྲིན་ལ་བརྟེན་ནས་སློབ་མ་རྒྱལ་མཚན་སོགས་ཀྱིས་བླ་བྲང་དགོན་པའི་གསུང་ཆོས་ཆེན་མོ་དང་གནས་ཆུང་བཙན་ཁང་དུ་གནས་ཆུང་འཁོར་དང་བཅས་པའི་གྱན་ཐང་བཞེངས།  ནོར་འཛིན་ཕོ་བྲང་གི་སུམ་ཐོག་ཏུ་ཐུགས་རྗེ་ཆེན་པོའི་ཞིང་བཀོད།  ཤམ་བྷ་ལའི་ཞིང་བཀོད།  མགོན་ཁང་གི་འཇིགས་བྱེད་སོགས་བཞེངས་པ་དང་།  དགེ་ཚོགས་ཀྱི་དོན་ཁོ་ནར་དམིགས་ནས་བླ་བྲང་ཀུན་མཁྱེན་ཚང་གི་བཞུགས་ཁྲིའི་རྒྱབ་ངོས་སུ་རིགས་གསུམ་མགོན་པོའི་ཐང་ག་དང་།  གུང་ཐང་མཆོད་རྟེན་ནང་གི་བླ་མཆོད་ཚོགས་ཞིང་སོགས་བཞེངས།  སྤྱི་ལོོ༢༠༡༠ལོར།  ཁོང་གི་ལྟ་སྐུལ་འོག་སློབ་མ་་རྒྱལ་མཚན་གྱིས་ཀན་ལྷོ་ཁལུ་ཀླུ་ཆུ་རྫོང་ལྷ་མོ་གྲོང་རྡལ་གྱི་སྟག་ཚང་ལྷ་མོ་དགོན་གྱི་རྒྱུད་པའི་འདུ་ཁང་ཆེན་མོར་བདེ་གསང་འཇིགས་གསུམ་དང་།  འོད་དཔག་མེད་ཞིང་བཀོད།  གདུགས་དཀར།  སྒྲོལ་ལྗང་།  སེང་གདོང་གཙོ་འཁོར་གསུམ་པ།  མགོན་ཆོས་གཉིས།  སྟོན་པ་གཙོ་འཁོར་གསུམ་པ།  རྒྱལ་ཆེན་རིགས་བཞི་སོགས་བསྡོམས་པས་གྱན་ཐང་བཅུ་གཉིས་ལྷག་བཞེངས།  དེར་མ་ཟད་བླ་བྲང་ཁོ་ཚེ་དགོན་བདེ་ཆེན་ཆོས་འཁོར་གླིང་དང་འབོ་ར་དགོན་སོགས་སུའང་ཁོང་གིས་བྲིས་བཞེངས་མང་པོ་མཛད་པ་རེད།

ལྷ་རིས་པ་མཆོད་རྟེན་སྐྱབས་ལ་མཚོན་ན་གཤིས་རྒྱུད་དྲང་ཞིང་ཁེངས་སྐྱུང་ལྡན་པ་ཞིག་ཡིན་ཕྱིར་མཛད་པ་འཕྲིན་ལས་གནམ་འོག་ཀུན་ཏུ་ཁྱབ་ནའང་ད་ལྟའི་བར་དུ་ལྷ་རིས་པའི་འགྲན་བསྡུར་ལ་མི་ཞུགས་ཤིང་། ཐོབ་ཐང་སྣ་ཚོགས་ཐོབ་པའི་གོ་སྐབས་རེག་ཅིང་བརྩོན་ལེན་མི་བྱེད་པར་གཞིགས་ན་ཁོང་སྐྱ་སར་བབ་ཀྱང་སྤྱོད་པ་ནི་སྔར་བཞིན་དགེ་སློང་ཞིག་དང་གཉིས་སུ་མེད་པར་འཇིག་རྟེན་ཟིང་ཟིང་ལ་ཀུན་ནས་བྲལ་བ་ཞིག་སྟེ། ཁོང་ད་ལྟ་དགུང་ལོ་དགུ་བཅུར་སོན་ཡང་ད་ལྟའི་བར་དུ་ཁྱབ་བསྒྲགས་དང་བཅར་འདྲི་གང་ཡང་དང་ལེན་མ་བྱེད་མོད། ཕྲན་གྱི་དབྱིན་ཇིའི་ལུའུ་ཐུག་སྨྱན་སྦྱོར་གྱི་སྟེང་ནས་ཁོང་ལ་བཙན་གྱིས་བཅར་འདྲི་བྱས་པའི་ལོ་རྒྱུས་ཐན་ཐུན་ཞིག་མཐོང་བ་ནས་ཁོང་གི་མཛད་རྗེས་ཡེ་གེར་ཕབ་པའི་འདུན་པ་འགོག་མེད་དུ་སྐྱེས་ཤིང་ད་ལོ་བླ་བྲང་ལ་འགྲོ་བའི་གོ་སྐབས་ཤིག་དང་བསྟུན་ནས་ཁོང་ལ་བཅར་འདྲི་ཞིག་བྱེད་བསམ་མོད། ཁོང་གི་དང་ལེན་ཡེ་ནས་མ་བྱས་པས། ཐེངས་འདིར་ངས་ཁོང་གི་མག་པ་དཔལ་འབྱོར་ཚེ་རིང་བརྒྱུད་ནས་ཁོང་གི་ལོ་རྒྱུས་རེ་འགའ་རྒྱུས་ལོན་བྱས་ཡང་དེ་འདྲ་ཡིད་འཚིམས་པ་ཞིག་མ་བྱུང་བ་རེད།

ལྷ་རིས་པ་མཆོད་རྟེན་སྐྱབས་ཁོང་ནི་བོད་ཀྱི་ལྷ་རིས་གྲགས་ཅན་ཤ་བོ་ཚེ་རིང་དང་། གདུགས་དཀར། བཀྲ་ཤིས་རྒྱ་མཚོ་སོགས་རྒྱལ་ཁབ་རིམ་པའི་ལྷ་རིས་རྒྱུན་འཛིན་པ་དག་དང་དུས་མཉམ་པར་མ་ཟད། ལྷ་རིས་ལག་རྩལ་དང་ཉམས་མྱོང་གི་ཆ་ནས་ཀྱང་དེ་དག་དང་གཉིས་སུ་མེད་པས་ང་ཚོའི་མཐེ་མོ་གྱེན་དུ་བསྒྲེངས་ནས་བསྟོད་བསྔགས་བྱས་ན་ཅིའི་མི་ཆོག་མོད། འོན་ཀྱང་ཁོང་ཉིད་ཁེངས་སྐྱུང་ཆེ་གྲགས་པས་ད་ལྟའི་བར་དུ་ཁོང་ཉིད་ཤེས་མཁན་ཉུང་སོང་བ་རེད། ཡིན་ནའང་། བོད་ཀྱི་གཏམ་དཔེར་གསེར་ས་འོག་ཏུ་མཆིས་ཀྱང་འོད་ནམ་མཁའ་ཞེས་པའི་དཔེ་ལྟར་ཀན་ལྷོའི་ལྷ་རིས་པའི་མཁན་པོ་བྱེད་ཆོག་པའི་ལྷ་རིས་པ་ཁོང་ད་ལྟ་ཀན་ལྷོའི་ཚགས་པར་དུ་བཀོད་ནས་ལོ་རྒྱུས་ཀྱི་མི་སྣ་ཞིག་ཏུ་འགྱུར་རྒྱུ་ཕྲན་གྱི་རེ་བ་ཉག་གཅིག་ཡིན། ལྷ་རིས་པ་ཁོང་གི་ཞབས་རྗེས་སུ་བཀོད་པའི་ལྷ་སྐུའི་ཐང་ག་རེ་རེ་ནི་རྩྭ་ཐང་དུ་བཞད་པའི་གངས་ལྷ་མེ་ཏོག་རེ་རེ་དང་མཚུངས་ཤིང་། མདོ་དབུས་ཁམས་གསུམ་གྱི་དགོན་པའི་འདུ་ཁང་རེ་་རེ་ན་བྱམས་སེམས་ཀྱི་གཤོག་རླབས་བརྐྱངས་ཤིང་བྱིན་རླབས་ཀྱི་འོད་ཟེར་འཕྲོས་བཞིན་ཡོད་ལ། ལྷག་པར་དུ་པཎ་ཆེན་འཁྲུངས་རབས་ཀྱི་ཐང་ག་ཆེན་མོ་དེ་གཙང་བཀྲ་ཤིས་ལྷུན་པོ་དགོན་དུ་བརྗིད་ཆགས་ཀྱིས་བཞུགས་པ་ནི་ལོ་རྒྱུས་ཀྱི་རྒྱུན་ཐག་ལ་གསེར་སྐུད་ཞིག་མཐུད་པ་དང་གཉིས་སུ་མེད། ཁོང་ནི་སྤྲིན་གསེབ་ཏུ་ཡིབ་པའི་སྐར་མ་འོད་ཆེན་བཞིན་དགུང་ལོ་དགུ་བཅུའི་བར་དུ་ནམ་མཁའི་དབྱིངས་སུ་འོད་སྣང་སྦྱིན་ན་ཡང་ཀན་ལྷོའི་ཡུལ་ནས་ད་རེག་བར་དུ་ཁོང་ལ་མཐོང་ཆེན་བྱེད་མཁན་མ་བྱུང་མོད། བོད་ཀྱི་གཏམ་དཔེ་ལ་རྟ་བོ་གྲགས་གྲགས་བང་གིས་གྲགས། མི་བོ་གྲགས་གྲགས་མིང་གིས་གྲགས་ཞེས་པ་ལྟར་ཁོང་གི་ཕྱག་མཛུབ་དང་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་ཐང་གའི་བརྩམས་ཆོས་རེ་རེར་གངས་ལྗོངས་ཡུལ་དུ་གཏམས་པ་ནས་མཚན་སྙན་ཡར་ངོས་ཟླ་ལྟརམཚོ་སྔོན་དང། ་སི་ཁྲོན། ལྷ་ས་སོགས་བོད་ཡུལ་དུ་ཁྱབ་པ་མ་ཟད། པེ་ཅིན་དང་ཤང་ཀང་། ཨོ་མིན། ཧྲང་ཧེ། ཐ་ན་དབྱིན་ཇི་སོགས་ཕྱི་རྒྱལ་ཁབ་ཏུ་ཁྱབ་པས། ང་ཚོ་ཀན་ལྷོ་བའི་རིག་གནས་སྡེ་ཁག་གིས་ཁོ་བོ་ལྟ་བུའི་ལྷ་རིས་པ་ཞིག་ལོ་རྒྱུས་ཀྱི་དཀྱོགས་མཚམས་ནས་བོར་སྟོར་བྱུང་ན་ང་ཚོ་རྗེས་རབས་པའི་ངོ་ཚར་འཁུར་བས། ཕྲན་གྱིས་ཁོང་གི་ལོ་རྒྱུས་ཐོར་བུ་ཉིན་གཅིག་གི་རིང་དུ་ཤར་མར་བྲིས་པ་དགེ་བའི་རྒྱུ་རུ་བསྔོ་ཞིང་གཞན་ཁོང་གི་ལོ་རྒྱུས་མ་གསལ་བ་དང་མ་བྲིས་པ་སྣང་ན་རྗེས་མར་ཀློག་པ་པོ་ཁག་གིས་ཇེ་རྒྱས་ཇེ་ལེགས་སུ་གཏོང་རྒྱུར་རང་ལ་རེ་བ་ཆེན་པོ་ཡོད། མཇུག་མཐར་ལྷ་རིས་པ་ཁོང་གི་ཚེ་ལོ་བརྒྱ་ཐུབ་པར་སྙིང་ནས་བཀྲ་ཤིས་སྨོན་འདུན་ཞུ།


ཡོང་ཁུངས། སྒང་ལམ་པའི་རྩོམ་རིག་འཕྲིན་སྟེགས།

点赞(0) 打赏

评论列表 共有 0 条评论

暂无评论

微信小程序

微信扫一扫体验

立即
投稿

微信公众账号

微信扫一扫加关注

发表
评论
返回
顶部